༄༅།། སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།

༄༅།། སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།

ྋརྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་མཆོག་གི་མཛད་པ་རྣམ་ཐར་དང༌། ཁོང་གི་མཛད་རྗེས་སོགས་ཇི་ལྟར་ཡིན་ནམ།
ལན། ྋརྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
གཙང་མའི་རིགས་ལས་དབུ་རུ་འོལ་དགའ་རུ། །
བལྟམས་ཚེ་རྡོར་དཀྱིལ་མཉམ་གཞག་ྋཞབས་རྗེས་སོགས། །
ཇི་སྙེད་ངོ་མཚར་མཁྱེན་རླབས་འགྲན་ཟླ་བྲལ། །
རྗེ་བཙུན་འཕྲིན་ལས་རྒྱ་མཚོར་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར་ྋརྒྱལ་བ་འཕྲིན་ལས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་བཞི་པའི་མེ་འབྲུག་སྤྱི་ལོ་ ༡༨༣༦ ལོའི་ཟླ་བ་ ༡༢ ཚེས་ ༡ ཉིན་ལྷོ་ཁའི་ས་ཆ་འོལ་དགའ་རྫིང་ཕྱིའི་ཡུལ་གྱི་ཉེ་འདབས་སྦག་འབྲོག་ཉང་ཚང་དུ་ཡབ་ཕུན་ཚོགས་ཚེ་དབང་དང༌། ཡུམ་ཚེ་རིང་གཡུ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐབས་དེར་ཏཱ་ལའི་བླ་མའི་འོས་སྤྲུལ་གསུམ་བྱུང་བ་རྣམས་གསེར་བུམ་དཀྲུགས་འདོན་གྱིས་འོལ་དགའ་ལ་འཁྲུངས་པ་དེ་ཉིད་ྋརྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་ཅིང༌། ས་རྟ་སྤྱི་ལོ་ ༡༨༥༨ ལོར་ལྷ་སར་གདན་དྲངས་ཤིང་སྲིད་སྐྱོང་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་གྱིས་རབ་བྱུང་གི་སྡོམ་པ་ཕུལ་ཏེ་མཚན་དུ་རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ།
དེ་ནས་ནོར་བུ་གླིང་ཁའི་སྐལ་བཟང་ཕོ་བྲང་དུ་གདན་དྲངས། ལྕགས་སྤྲེལ་སྤྱི་ལོ་ ༡༨༦༠ ལོའི་ཟླ་ ༧ ཚེས་ ༣ ཉིན་དགུང་ལོ་ལྔ་ལ་ཕེབས་སྐབས་རྩེ་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ་ཞུས། དགུང་ལོ་དགུ་པར་དགའ་ལྡན་ཁྲི་ཟུར་བློ་བཟང་མཁྱེན་རབ་དབང་ཕྱུག་གིས་དགེ་ཚུལ་གྱི་སྡོམ་པ་ཕུལ། དེ་ནས་ཡོངས་འཛིན་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་ལ་གསན་སྦྱོང་རིམ་པར་གནང་སྟེ་སྦྱངས་པ་དཔྱིས་ཕྱིན་པ་མཛད།བོད་ཀྱི་རྒྱལ་རབས་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ལས། རྭ་སྒྲེང་གི་ཁྲི་ལོ་བརྒྱད་བསྐྱངས་ཏེ་ཆུ་ཁྱི་སྤྱི་ལོ་ ༡༨༦༢ པར་འབྲས་སྤུངས་རིགས་གྲྭ་ཆེན་མོའི་གཏོང་སྒོ་ཆག་སྐོར་གྲྭ་མང་ནས་ངོ་རྒོལ་ཞུས་ཤིང༌། དགའ་འབྲས་དྲུང་ཆེ་ཚོགས་པ་སོགས་ཟང་ཟིང་གིས་རྭ་སྒྲེང་པས་སྲིད་ཐམ་བསྣམས་ཏེ་རྟབ་རྟོབ་པོར་བྱང་བརྒྱུད་ནས་རྒྱ་ནག་ཏུ་བྲོས་ཏེ་ཕེབས། ལོ་དེ་གའི་མཇུག་ཏུ་བཤད་སྒྲ་བ་དབང་ཕྱུག་རྒྱལ་པོ་སྡེ་སྲིད་ཀྱི་ཁྲིར་བཀོད། སྤྱི་མཁན་རྒྱལ་དབང་ཆོས་རྗེ་ཕྱིར་འཐེན་བྱས་ཏེ་ཚབ་ཏུ་དགའ་ཁྲིའི་ཕྱག་མཛོད་དཔལ་ལྡན་དོན་གྲུབ་བསྐོས། ཆུ་ཕག་སྤྱི་ལོ་ ༡༨༦༣ ལོར་མདོ་ཁམས་ཉག་རོང་མགོན་པོ་རྣམ་རྒྱལ་གྱི་མངའ་རིས་ཐམས་ཅད་དབང་དུ་བསྡུས་ཞེས་གསུངས་པ་ལྟར་ཡིན།
ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་ ༡༨༧༣ ལོར་དགུང་ལོ་བཅོ་བརྒྱད་པར་གངས་ལྗོངས་ཆོས་སྲིད་གཉིས་ཀའི་མཛད་འགན་ཐུགས་རྗེས་བསྐྱངས་པའི་དུས་ལ་བབས་པར་བརྟེན་ལོ་ངོ་གསུམ་གྱི་རིང་དུ་འཕྲིན་ལས་སྤེལ། སྐུ་ན་ཕྲ་སྟབས་ཕྱག་རོགས་སུ་བཀའ་ཟུར་བཤད་སྒྲ་སྲིད་སྐྱོང་དུ་བསྐོ་བཞག་མཛད། བཤད་སྒྲ་བ་ཁྲི་ལོ་གསུམ་པ་འདིར་སྐལ་བཟང་ཕོ་བྲང་དུ་སྐུ་གཤེགས་པས་བོད་སྤྱི་ཚོགས་འདུས་གྲོས་མོལ་བྱས་དོན་བཞིན་དགའ་ཁྲི་ཟུར་པ་སྡེ་དྲུག་ཧོ་ཐོག་ཐུ་ཡོངས་འཛིན་བློ་བཟང་མཁྱེན་རབ་དབང་ཕྱུག་སྲིད་སྐྱོང་དུ་བསྐོས། རབ་བྱུང་བཅོ་ལྔ་པའི་ལྕགས་ལུག་སྤྱི་ལོ་ ༡༨༧༡ ལོར་སྤྱི་མཁན་དཔལ་ལྡན་དོན་གྲུབ་ཀྱི་བྱ་སྤྱོད་སྣ་ཚོགས་ལ་བརྟེན་དགའ་ལྡན་ནང་ཟིང་བྱུང༌། སྡེ་དྲུག་པས་སྲིད་ཁྲི་ལོ་བཅུ་བསྐྱངས་ཏེ་ཆུ་བྱ་སྤྱི་ལོ་ ༡༨༧༣ ལོར་ནོར་གླིང་དུ་སྐུ་གཤེགས། ྋགོང་ས་མཆོག་དགུང་ལོ་བཅོ་བརྒྱད་དུ་ཕེབས་སྐབས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མོད། འོན་ཀྱང་སྐྱེ་འགྲོའི་བསོད་ནམས་ཀྱིས་མ་ཆུན་པར་རབ་བྱུང་བཅོ་ལྔ་པའི་ཤིང་ཕག་སྤྱི་ལོ་ ༡༨༧༥ ལོའི་ཟླ་ ༣ ཚེས་ ༢༠ ཉིན་དགུང་ལོ་ཉི་ཤུར་སོན་སྐབས་གློ་བུར་སྙུན་གཞི་བཞེས་པའི་ཚུལ་བསྟན་ཏེ་རི་བོ་གྲུ་འཛིན་གཉིས་པའི་ཕོ་བྲང་ཆེན་པོ་པོ་ཏཱ་ལར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏོ།།
དེ་ནས་ཟླ་ཤས་རིང་བོད་ཀྱི་ལས་དོན་བཀའ་ཤག་གིས་བསྐྱངས་ཤིང༌། མི་རིང་བར་ཚོགས་འདུ་རྒྱས་འཛོམས་ཀྱི་ཐོག་སྤྱི་མོས་བཞིན་རྟ་ཚག་རྗེ་དྲུང་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་ལོ་དེར་རྒྱལ་ཚབ་ཏུ་བསྐོས་སོ།།