Annual Kalachakra Ritual Ceremony – 11 to 28 April 2016

༄༅། །ཕྱི་ལོ་ ༢༠༡༦ ལོའི་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཆེན་མོ།

འདི་ལོའི་གྲྭ་ཚང་གི་དུས་འཁོར་སྒྲུབ་མཆོད་དེ་ཕྱི་ཟླ་བཞི་པའི་ཚེས་བཅུ་གཅིག་ནས་འགོ་འཛུགས་གནང་སྟེ། གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་ཉིན་གསུམ་གྱི་རིང་ས་ཆོག་ཚོགས་ཡོད་པ་དང་། ས་ཆོག་ཉིན་གཉིས་པར་ས་གར་དང་། ཉིན་གསུམ་པར་དཀྱིལ་འཁོར་འབྲི་བཞེངས་བཅས་གནང་ཡོད། དེ་ལྟར་ས་ཆོག་ཉིན་གསུམ་པ་ནས་དཀྱིལ་འཁོར་འབྲི་བཞེངས་འགོ་འཛུགས་གནང་སྟེ་ཕྱི་ཟླ་བཞི་པའི་ཚེས་བཅུ་དགུའི་ཉིན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡོངས་སུ་བཞེངས་གྲུབ་ཟིན་ཡོད།
སྒྲུབ་མཆོད་དངོས་གཞི་དེ་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་དང་ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་རྩ་གཉིས་ཉིན་དབུ་འཛུགས་གནང་ཡོད། ཉེ་བའི་ལོ་ཤས་ནང་༸གོང་ས་མཆོག་སྒྲུབ་མཆོད་ལ་དབུ་བཞུགས་གནང་ཁོམ་བྱུང་མེད་རུང་འདི་ལོར་༸གོང་ས་མཆོག་དབུ་བཞུགས་གནང་སྟེ་ཚོགས་ཞུགས་དགེ་འདུན་པ་རྣམས་ལྷན་དུ་སྒྲུབ་མཆོད་ཚོགས་རྒྱུ་བྱུང་ཡོད།
ས་གར་འཁྲབ་བཞིན་པ།
དཀྱིལ་འཁོར་བླུག་བཞིན་པ།
སྒྲུབ་མཆོད་ཉིན་མཐའ་མ་དེ་ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་རྩ་བདུན་ཉིན་འཁེལ་ཡོད་པ་དང་ཉིན་དེར་སྦྱིན་སྲེག་དང་། དཀྱིལ་འཁོར་བསྡུ་ཆོག་ཀྱང་གནང་ཡོད།
༸གོང་ས་མཆོག་ཚོགས་ལ་དབུ་བཞུགས་གནང་ཞིང་གྲྭ་ཚང་མཁན་རིན་པོ་ཆེ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུ་བཞིན་པ།
༸གོང་ས་མཆོག་དབུ་བཞུགས་ཐོག་སྒྲུབ་མཆོད་ཚོགས་བཞིན་པ།
༸གོང་ས་མཆོག་ནས་དཀྱིལ་འཁོར་བསྡུ་ཆོག་གནང་བཞིན་པ།
ཕྱི་ཟླ་བཞི་པའི་ཚེས་ཉེར་དགུའི་ཉིན་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་དཀྱིལ་འཁོར་བཞེངས་མི་རྣམས་དང་བཅས་པས་རྒྱུག་ཆུའི་མཁར་ཀླུ་ཆོག་གནང་སྟེ་འདི་ལོའི་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཆེན་མོ་དེ་ཡོངས་སུ་ལེགས་གྲུབ་བྱུང་ཡོད།

Go to the Kalachakra section for more information.