༄༅།། སྐུ་ཕྲེང་བཅུ་གཅིག་མཁས་གྲུབ་རྒྱ་མཚོ།

༄༅།། སྐུ་ཕྲེང་བཅུ་གཅིག་མཁས་གྲུབ་རྒྱ་མཚོ།

ྋརྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མཆོག་གི་མཛད་པ་རྣམ་ཐར་དང༌། ཁོང་གི་མཛད་རྗེས་ཇི་ལྟར་ཡིན་ནམ།
ལན། ྋརྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།
བྱང་སེམས་རིགས་ལས་མགར་ཐང་ས་ཕྱོགས་འཁྲུངས། །
འདོད་ཁམས་བདག་མོ་བླ་མཚོར་མངོན་སུམ་གཟིགས། །
ལུང་དང་བསླབ་གསུམ་རྟོགས་པའི་དཔལ་ཡོན་ཕུལ། །
ངག་དབང་མཁས་གྲུབ་རྒྱ་མཚོར་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར་ྋརྒྱལ་བ་མཁས་གྲུབ་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་བཞི་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ༡༨༣༨ ལོའི་ཟླ་ ༩ ཚེས་ ༡ ཉིན་ཁམས་མི་ཉག་མགར་ཐང་དགོན་པའི་ཉེ་འགྲམ་དུ་ཡབ་ཚེ་བརྟན་ནམ་ཚེ་དབང་དོན་གྲུབ་དང༌། ཡུམ་གཡུང་དྲུང་བུ་འཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལྕགས་གླང་སྤྱི་ལོ་ ༡༨༤༡ ལོར་དབུས་སུ་གདན་དྲངས་ཏེ་པཎ་ཆེན་བསྟན་པའི་ཉི་མས་དབུ་སྐྲ་གཙུག་ཕུད་བཞེས་ཏེ། མཚན་ལ་མཁས་གྲུབ་རྒྱ་མཚོ་ཞེས་གསོལ་ཞིང༌། ཆུ་སྟག་ལོ་སྟེ་སྤྱི་ལོ་ ༡༨༤༢ ལོར་དགུང་ལོ་བཞི་པར་རྩེ་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ་ཞུས། དགུང་ལོ་བཅུ་གཅིག་པར་པཎ་ཆེན་བསྟན་པའི་ཉི་མ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས།
དགུང་ལོ་བཅུ་བཞི་པར་སེར་འབྲས་དགའ་གསུམ་དུ་ཚོགས་ཆོས་འགྲིམས་ཏེ་འཆད་ཉན་གང་ལེགས་མཛད་པ་དང༌། དགེ་འདུན་མང་ཚོགས་རྣམས་ལ་བསྙེན་བཀུར་མང་འགྱེད་རྒྱ་ཆེན་ཞུས། དེ་ནས་མ་ཕམ་གཡུ་མཚོ་དང༌། རྒྱལ་རྩེའི་ཆོས་འཁོར། བསམ་ཡས་བཅས་ལ་གནས་གཟིགས་ཆིབས་བསྒྱུར་བསྐྱངས། དགུང་ལོ་བཅུ་བདུན་པར་བོད་ལྗོངས་ལྷ་མི་ཡོངས་ཀྱི་རེ་འདོད་ལྟར་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་ཐུགས་རྗེས་བཀའ་དྲིན་བསྐྱངས་ན་ཡང༌། ཟླ་དྲུག་ཙམ་ལས་མ་སོང་བའི་རབ་བྱུང་བཅུ་བཞི་པའི་ཤིང་ཡོས་སྤྱི་ལོ་ ༡༨༥༥ ལོར་གློ་བུར་དུ་རི་བོ་གྲུ་འཛིན་གཉིས་པའི་ཕོ་བྲང་ཆེན་པོ་པོ་ཏཱ་ལར་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན་ཏོ།།