༄༅།། སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།

༄༅།། སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།

༣༽ དྲི་བ། ྋརྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གི་མཛད་པ་རྣམ་ཐར་དང༌། ཁོང་གི་མཛད་རྗེས་སོགས་ཇི་ལྟར་ཡིན་ནམ།
ལན། ྋརྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
ལོ་ཙཱ་རྨ་རིན་གདུང་ལས་སྟོད་ལུང་མདར། །
ཨོ་རྒྱན་བཀའ་བཞིན་བསམ་བཞིན་སྲིད་པ་བཟུང༌། །
མཐའ་འཁོབ་འདུལ་མཛད་གཙུག་ལག་གཞུང་བརྒྱ་གཟིགས། །
མཁས་གྲུབ་བསོད་ནམས་རྒྱ་མཚོར་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར་ྋརྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་ནི། རབ་བྱུང་དགུ་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་ ༡༥༤༣ ལོར་ལྷ་སའི་སྟོད་ལུང་ཁང་གསར་གོང་གི་ཁྱིམ་གཞི་ཕྱུག་པོ་ཞིག་ཏུ་ཡབ་སྡེ་པ་རྣམ་རྒྱལ་གྲགས་པ་དང༌། ཡུམ་པད་འཛོམས་བུ་འཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང༌། དགུང་ལོ་བཞི་པར་མི་དབང་བསོད་ནམས་གྲགས་པ་རྒྱལ་མཚན་དང༌། པཎ་ཆེན་བསོད་ནམས་གྲགས་པ་བཅས་ནས་ྋརྒྱལ་བ་དགེ་འདུན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་འབྲས་སྤུངས་ཀྱི་གདན་སར་བཀོད། དགུང་ལོ་བདུན་པར་ཁྲི་ཆེན་བསོད་ནམས་གྲགས་པ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་ཉེར་གཉིས་པར་ཁྲི་དགེ་ལེགས་དཔལ་བཟང་ལས་བསྙེན་རྫོགས་བསྒྲུབས།
དགུང་ལོ་སོ་བཞི་པར་སོག་པོའི་ཆ་ཧར་རྒྱལ་པོའམ་ཇིང་གིར་གྱི་གདུང་རབས་བཅུ་བདུན་པ་ཨལ་ཐན་ཁཱང་གི་སོག་ཡུལ་དུ་གདན་དྲངས་ཏེ་ྋརྒྱལ་བ་བསོད་ནམས་རྒྱ་མཚོ་ལ་ཐམས་ཅད་མཁྱེན་པ་བ¿་དྷ་ར་ཏཱ་ལའི་བླ་མ་ཞེས་མཚན་གསོལ། དགུང་ལོ་སོ་བདུན་པར་ས་ཐམ་རྒྱལ་པོས་གདན་འདྲེན་ཞུས་པ་ལྟར་འཇང་ཡུལ་དང་ལི་ཐང་དུ་ཕེབས་ཏེ་དགོན་ཐུབ་བསྟན་བྱམས་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་ཞེས་པའི་བཤད་གྲྭ་ཆེན་པོ་ཞིག་གསར་འདེབས་མཛད་ཅིང་བཀའ་ཆོས་མང་དུ་གསུངས་ནས་གདུལ་བྱ་ཐམས་ཅད་སྨིན་པར་མཛད། དེའི་ཕྱི་ལོ་རྨ་ཁམས་བརྒྱུད་དེ་ཆབ་མདོ་བྱམས་པ་གླིང་དུ་ཕེབས་ནས་ཆོས་ཀྱི་མཛད་སྒོ་རྒྱ་ཆེན་སྤེལ། དགུང་ལོ་བཞི་བཅུ་པར་ཙོང་ཁའི་ཉེ་འདབས་སུ་ཕེབས་ནས་རྗེ་ཙོང་ཁ་པ་ཆེན་པོ་སྐུ་འཁྲུངས་པའི་གནས་སུ་བཤད་གྲྭ་སྐུ་འབུམ་བྱམས་པ་གླིང་ཕྱག་བཏབ་པར་མཛད་དོ།།
དགུང་ལོ་ཞེ་གསུམ་པར་གནས་མཆོག་མཛོ་མི་མཁར་དང་འཕགས་པ་ཤིང་ཀུན་སོགས་བརྒྱུད་ནས་སོག་པོའི་མཁར་སྔོན་པོར་ཕེབས་ཏེ་ཆ་ཧར་རྒྱལ་པོ་ཨལ་ཐན་ཁཱང་གི་གདུང་རྟེན་གསེར་ཟངས་དངུལ་གསུམ་ལས་རྒྱན་པར་བཞེངས་ནས་འདས་མཆོད་གང་ལེགས་མཛད་པ་མ་ཟད། དེའི་རིང་རྒྱལ་བློན་རྣམས་ལ་ཀྱཻ་རྡོར་བདེ་མཆོག་གི་དབང་ལུང་གནང་ནས་ཆོས་ཀྱི་དགའ་སྟོན་རྒྱ་ཆེན་མཛད།
ཁོང་གི་སྐུ་ཚེ་གང་པོར་ཆོས་ཀྱི་མཛད་པ་འབའ་ཞིག་དོན་དུ་གཉེར་ཏེ་ཞྭ་སེར་བསྟན་པ་སོག་ཡུལ་དུ་སྤེལ་ནས་གོང་མའི་དགོངས་པ་ལྟར་ཆ་ཧར་རྒྱལ་པོ་མཚོ་སྔོན་ནས་ནང་སོག་ཏུ་ལོག་བཅུག་པ་རེད། ཁོང་གི་གསུང་རྩོམ་ནི། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དྲག་པོའི་སྦྱིན་སྲེག་གི་ལས་མཐའ་སྲིད་གསུམ་ཟ་བའི་སྲེག་ཁང་འབར་བ༌ཞེས་པ་དང༌། བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་གསེར་གྱི་ཡང་ཞུན། དཔལ་མགོན་ཞལ་བཞི་པ་གདོང་བརྙན་འཁོར་དང་བཅས་པའི་སྒྲུབ་ཐབས་རྒྱས་པ་དགྲ་བགེགས་ཀྱི་སྡེ་འཇོམས་པའི་གནམ་ལྕགས་ཀྱི་སྤུ་གྲི་མེ་ལྕེའི་ཕྲེང་བ་སོགས་པོད་འབྲིང་གཅིག་ལྷག་མཛད་ཅིང༌། རབ་བྱུང་བཅུ་པའི་བྱི་ལོ་སྟེ་སྤྱི་ལོ་ ༡༥༨༨ ལོར་སོག་ཡུལ་འོ་ཐུ་འུར་སྐུ་གཤེགས་པའི་ཚུལ་བསྟན། སྐུའི་གདུང་ཐལ་དཔལ་ལྡན་འབྲས་སྤུངས་སུ་གདན་དྲངས་ཏེ་དངུལ་སྡོང་རིན་པོ་ཆེར་བཞུགས་སོ།།