༄༅།། སྐུ་ཕྲེང་དགུ་བ་ལུང་རྟོགས་རྒྱ་མཚོ།

༄༅།། སྐུ་ཕྲེང་དགུ་བ་ལུང་རྟོགས་རྒྱ་མཚོ།

ྋརྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་མཆོག་གི་མཛད་པ་རྣམ་ཐར་དང༌། ཁོང་གི་མཛད་རྗེས་སོགས་ལོ་རྒྱུས་ཇི་ལྟར་ཡིན་ནམ།
ལན། ྋརྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
ཇོ་བོ་སྒྱོགས་ཆེན་བྱིན་རླབས་ལྷ་རིགས་ལས། །
ལྡན་ཡུལ་སྐུ་འཁྲུངས་མངོན་གནས་རྗེས་སུ་དྲན། །
ལྷག་པའི་ལྷ་ཡི་ཞལ་གཟིགས་བསྟན་པ་འཛིན། །
ངག་དབང་ལུང་རྟོགས་རྒྱ་མཚོར་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར་ྋརྒྱལ་བ་ལུང་རྟོགས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གསུམ་པའི་ཤིང་གླང་སྤྱི་ལོ་ ༡༨༠༥ ལོར་མདོ་སྟོད་ཆོས་འཁོར་དགོན་གྱི་ཉེ་འགྲམ་དུ་ཡབ་བསྟན་འཛིན་ཆོས་སྐྱོང་དང༌། ཡུམ་དོན་གྲུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྔོན་གནས་རྗེས་དྲན་དང༌། སྐུ་གོང་མའི་ན་བཟའ་ཉེར་ཆས་ངོས་འཛིན་གསལ་པོ་གནང་བ་སོགས་རྟགས་མཚན་དུ་མར་བརྟེན་ཕྱི་ལོ་ ༡༧༠༧ ལོར་ྋརྒྱལ་བའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུས། ལྷ་སར་གདན་དྲངས་ཏེ་པཎ་ཆེན་རིན་པོ་ཆེས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་བློ་བཟང་དབང་ཕྱུག་ལུང་རྟོགས་རྒྱ་མཚོ་ཞེས་གསོལ་ཞིང༌། སྐབས་དེར་མན་ཇུ་ཨམ་བན་གྱིས་ཡང་སྲིད་ངོ་མར་ཡིད་ཆེས་ཡོང་ཆེད་གསེར་བུམ་དཀྲུག་འདོན་ལག་བསྟར་བརྒྱུད་བསྐུལ་བྱས་ཀྱང༌། དེ་ལྟར་མ་དགོས་པའི་ཆོས་ཕྱོགས་ཀྱི་བརྟག་ཞིབ་ལ་ཐུགས་གཏན་འཁེལ། ས་འབྲུག་སྤྱི་ལོ་ ༡༨༡༣ ལོར་པཎ་ཆེན་རིན་པོ་ཆེའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།
ྋརྒྱལ་དབང་མཆོག་སྐུ་ན་ཕྲ་བའི་དུས་སུ་དགེ་བའི་བཤེས་གཉེན་མང་པོ་བསྟེན་ཏེ་གསན་བསམ་མཛད་པ་མ་ཟད་གཞུང་ཆེན་པོད་ལྔའི་ཡ་གྱལ་མངོན་རྟོགས་རྒྱན་དང༌། དབུ་མ་འཇུག་པ་སོགས་རྒྱ་གཞུང་དུ་མ་ཡང་ཐུགས་ལ་འཛིན། དགག་བཞག་སྤོང་གསུམ་མཛད་པས་བསྟན་འགྲོར་སྨན་པའི་མཛད་བཟང་རྨང་གཞི་ཚུགས་ནའང༌། བོད་འབངས་བསོད་ནམས་ཀྱིས་མ་ཟིན་པར་དགུང་གྲངས་དགུར་ཕེབས་པ་རབ་བྱུང་བཅུ་བཞི་ཕག་སྤྱི་ལོ་ ༡༨༡༥ ལོར་སྐུ་མྱ་ངན་ལས་འདས་སོ།།
སྐབས་དེར་མདོ་སྨད་ཀྱི་ས་ཁུལ་ནས་སྒེར་གྱི་ཚོང་རིགས་དང༌། གནས་སྐོར་བ་སོགས་འགྲུལ་བཞུད་བྱེད་སྐབས་བྱང་སྟོང་དུ་འཁྱམས་ཉུལ་བྱེད་པའི་ཇག་རྐུན་གྱིས་འཕྲོག་བཅོམ་བྱེད་པའི་དཀའ་ངལ་བྱུང་བར་བརྟེན། བོད་གཞུང་གིས་མདོ་སྨད་གཉིས་ལ་སྒར་དཔོན་དྲག་འདེམས་གནང་སྟེ། གནས་སྐོར་བ་དང་ཚོང་པ་ཁག་རྐུན་ཇག་ལས་སྲུང་སྐྱོབ་གནང་བའི་སྲོལ་བཟང་བཙུགས། སྐབས་དེར་བོད་སྡོད་མན་ཇུའི་ཨམ་བན་གྱིས་བོད་རྒྱ་མཆོད་ཡོན་གྱི་མཐུན་ལམ་ཙམ་ལས་བོད་ཀྱི་ཆབ་སྲིད་ལ་ཇུས་གཏོགས་ནམ་ཡང་མེད་ཁར། མན་ཇུ་གོང་མའི་ཆབ་སྲིད་ཀྱི་གནས་སྟངས་མར་ངོའི་ཟླ་ལྟར་ཉམས་ཞན་དུ་འགྲོ་བཞིན་པར་བརྟེན། བོད་ནང་གོང་མའི་ནུས་ཤུགས་གསར་པ་ཞིག་སླེབས་ཐབས་སུ། དགོན་པ་ཆེ་ཁག་ནང་རྒྱ་རིགས་གྲྭ་པ་མང་པོ་བཏང་སྟེ་བོད་མིའི་བསམ་བློར་ཤུགས་རྐྱེན་ངན་པ་སྤེལ་ཐབས་བྱས་པས། བོད་གཞུང་གིས་ས་མཚམས་ཁག་ལ་བོད་ནང་ཕྱི་རྒྱལ་མི་རིགས་འགྲུལ་བཞུད་མི་ཆོག་པའི་བཀའ་ཁྱབ་བཏང་བ་བཅས་སོ།།