༄༅།། སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ།
ྋརྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གི་མཛད་པ་རྣམ་ཐར་དང༌། ཁོང་གི་མཛད་རྗེས་སོགས་ཇི་ལྟར་ཡིན་ནམ།
ལན། ྋརྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
འབྲོམ་རིགས་ལི་ཐང་ལྷ་ཞོལ་གཟུགས་སྐུ་བརྟས། །
རྒྱལ་བ་རྒྱ་མཚོའི་སྐུ་རུ་དུ་མས་མཇལ། །
དགེ་ལྡན་བསྟན་སྐྱོང་དུས་ཀྱི་འཁོར་ལོའི་བདག །
རྒྱལ་མཆོག་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར་ྋརྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གཉིས་པའི་ས་བྱི་ཕྱི་ལོ་ ༡༧༠༨ ལོར་ཁམས་ལི་ཐང་དུ་ཡབ་བསོད་ནམས་དར་རྒྱས་དང༌། ཡུམ་བློ་བཟང་ཆོས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་དུས་ནས་ལྷ་མོའི་རྩ་སྔགས་ཡང་ཡང་གསུངས་པ་སོགས་ངོ་མཚར་བའི་རྟགས་མཚན་མང་དུ་བྱུང་བ་མ་ཟད། ལི་ཐང་ཆོས་སྐྱོང་ནས་ཀྱང་ྋརྒྱལ་བའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ལུང་བསྟན་བྱུང༌། འོན་ཀྱང་སྐབས་དེར་བོད་དབུས་སུ་ལྷ་བཟང་ཁཱང་དང༌། ཇུན་གར་དབར་འཁྲུག་རྐྱེན་བྱུང་བའི་རྐྱེན་གྱིས་དབུས་སུ་གདན་དུ་མ་ཐུབ་པར་གནས་པར་གནས་སྐབས་རིང་སྐུ་འབུམ་ཆོས་སྡེར་གདན་དྲངས། སྐུ་འབུམ་དུ་ནོ་མིན་ཧན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་ཐོག་མར་དགེ་བསྙེན་གྱི་སྡོམ་པ་མནོས།
ལྕགས་བྱི་སྤྱི་ལོ་ ༡༧༢༠ དབུས་སུ་ཕེབས་ནས་པོ་ཏཱ་ལའི་ཕོ་བྲང་ཆེན་པོའི་ཁྲི་ལ་མངའ་གསོལ་ཞུས། དེ་ནས་པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བསྐལ་བཟང་རྒྱ་མཚོ་ཞེས་གསོལ། དགའ་ལྡན་ཁྲི་ཟུར་བློ་བཟང་དར་རྒྱས་ཡོངས་འཛིན་དུ་བསྟེན་ནས་མཚན་ཉིད་རིགས་པའི་གཞུང་ཆེན་ཁག་ལ་སློབ་གཉེར་ལེགས་པར་མཛད། མེ་རྟ་སྤྱི་ལོ་༡༧༢༦ ལོའི་ས་ཟླའི་དུས་ཆེན་གསུམ་འཛོམས་ཉིན། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།
དགུང་ལོ་བཅུ་དགུ་པར་ལི་ཐང་ཁུལ་དུ་ཕེབས་པ་དང་མགར་ཐང་དུ་གཙུག་ལག་ཁང་བླ་བྲང་དང་བཅས་པ་གསར་བཞེངས་མཛད་ཅིང༌། རྒྱུད་སྨད་མཁན་པོ་ངག་དབང་མཆོག་ལྡན་དང༌། པཎ་ཆེན་བློ་བཟང་ཡེ་ཤེས། ཞྭ་ལུ་མཁན་པོ་ངག་དབང་ཡོན་ཏན་འབྱུང་གནས་སོགས་བཤེས་གཉེན་དུ་བསྟེན་ནས་མདོ་སྔགས་གཞུང་ལུགས་མཐའ་དག་ལ་གསན་བསམ་སློབ་གཉེར་དཔྱིས་ཕྱིན་པར་སྦྱངས་པ་མཛད་པས་མཁས་པའི་བདག་པོར་གྱུར།
དགུང་ལོ་ཞེ་གསུམ་སྟེ་སྤྱི་ལོ་ ༡༧༥༡ ལོར་བོད་དུ་བཀའ་ཤག་སྲིད་གཞུང་ཐོག་མར་སྲོལ་གཏོད་དངོས་སུ་བཙུགས་ནས་ཆོས་སྲིད་གཉིས་ཀྱི་མངའ་བདག་ཏུ་གྱུར། དགུང་ལོ་ཞེ་ལྔ་པར་རྩེ་སློབ་གྲྭ་གསར་འཛུགས་བཀའ་དྲིན་བསྐྱངས། དགུང་ལོ་ཞེ་བདུན་པར་ནོར་གླིང་སྐལ་བཟང་ཕོ་བྲང་གསར་བསྐྲུན་མཛད། སྐུ་ཚེ་ཕལ་མོ་ཆེ་ཆོས་ཕྱོགས་ཀྱི་མཛད་པས་དུས་འདའ་བར་མཛད་ཅིང༌། འཁྲིད་ཡིག༌དང༌། ཐོབ་ཡིག རྣམ་ཐར། སོགས་གསུང་རྩོམ་ཆོས་ཚན་ང་བཞི་ཕྱི་རབས་རྣམས་ཀྱི་གོ་སྐལ་དུ་ལྗགས་རྩོམ་མཛད་པ་ནི་ཆོས་ཀྱི་མཛད་པ་དང༌། ལྷག་པར་ྋགོང་ས་བདུན་པ་ྋརྒྱལ་དབང་བསྐལ་བཟང་རྒྱ་མཚོ་མཆོག་ནས་སྲིད་དོན་ཐད་ཕྱག་ལས་མང་དག་ཞིག་གནང་བ་ལས་སྲིད་ཕྱོགས་མཛད་པ་གཙོ་བོ་ཁག་ནི། རབ་བྱུང་བཅུ་གསུམ་པའི་ལྕགས་ལུག་ཕྱི་ལོ་ ༡༧༥༡ ལོར་ྋརྒྱལ་དབང་བདུན་པ་མཆོག་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་དབང་ཡོངས་རྫོགས་བདག་གིར་བཞེས་པ་དང༌། ྋརྒྱལ་དབང་འདི་པའི་ཡར་སྔོན་ྋརྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་སྐབས་ནས་སྡེ་སྲིད་ལོགས་སུ་བསྐོ་བཞག་གནང་སྟེ་དེ་དག་གི་ཆབ་སྲིད་བསྐྱངས་ཏེ་ྋརྒྱལ་དབང་མཆོག་གིས་གཙོ་བོར་ཆོས་ཕྱོགས་ཀྱི་མཛད་པ་སྐྱོང་བ་ཡིན་ལ། ྋརྒྱལ་དབང་བདུན་པ་ཆེན་པོས་ཆོས་སྲིད་ཐམས་ཅད་ཀྱི་མངའ་དབང་བཟུང་སྟེ་མི་དྲག་རྣམས་དང་བཀའ་གྲོས་ཐོག་དགའ་བཞི་རྡོ་རིང་གུང་པཌཎི་ཏ་མགོན་པོ་དངོས་གྲུབ་རབ་བརྟན་གྱི་གྲོགས་སུ། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་དང༌། ཛ་སག་ཐོན་པ་སྲི་ཆོད་ཚེ་བརྟན། སེར་མོ་བ་རྩེ་མགྲོན་གཉེར་དར་ཧན་ཉི་མ་རྒྱལ་མཚན་བཅས་སྐྱ་སེར་གཉིས་ལས་གྲུབ་པའི་བཀའ་བློན་བཞི་བསྐོ་བཞག་གནང་སྟེ་བཀའ་ཤག་དངོས་སུ་བཙུགས་པ་དང༌། བོད་ཀྱི་ལས་དོན་མཛད་ཕྱོགས་སྐོར་གྱི་རྩ་འཛིན་དོན་ཚན་བཅུ་གསུམ་དུ་འབོད་པ་གཏན་ལ་ཕབ་པ་དང༌། བཀའ་དྲུང༌། བཀའ་མགྲོན། འགག་པ་སོགས་འཛུགས་པའི་སྲོལ་གསར་དུ་ཕྱེ་ཞིང༌། དེ་རྗེས་ཡིག་ཚང་ལས་ཁུངས་ཀྱང་གསར་བཙུགས་གནང་སྟེ་དེའི་ནང་མཁན་དྲུང་ཏཱ་བླ་མ་གཅིག་དང༌། མཁན་དྲུང་གསུམ་བསྐོ་བཞག་མཛད་དོ།།
གཞན་ཡང་རྩེ་རིག་གནས་སློབ་གྲྭ་གསར་འཛུགས་མཛད་དེ་མགོན་སྡེ་ཁག་གི་གྲྭ་རིགས་སྦྱོང་བརྡར་བྱས་ཏེ་བཀའ་ཤག་ཁོངས་གཏོགས་ཀྱི་ལས་ཁུངས་རྣམས་སུ་ལས་འགན་འཁུར་དུ་འཇུག་རྒྱུ་སོགས་གཏན་འབེབས་ཞིབ་ཏུ་མཛད། ད་དུང་རྩེ་ཞོལ་དུ་སྐུ་བརྙན་མཆོད་ཆས་སོགས་བཞེངས་པའི་བཟོ་གྲྭ་གསར་འཛུགས་གནང་བ་སོགས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ྋརྒྱལ་དབང་ལྔ་པ་ཆེན་པོས་བཙུགས་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དང༌། རིག་གནས། དཔལ་འབྱོར་སོགས་གོང་འཕེལ་དུ་གཏོང་བའི་རླབས་ཆེན་གྱི་མཛད་བཟང་བསྐྱངས་པ་དང༌། ྋརྒྱལ་དབང་བསྐལ་བཟང་རྒྱ་མཚོ་མཆོག་ལ་བོད་སོག་གི་དྲག་ཞན་ཆེས་མང་པོ་དད་འདུན་ཤིན་ཏུ་ཆེ་བས། ྋརྒྱལ་དབང་མཆོག་གི་བོད་ཀྱི་ཆོས་སྲིད་བདག་དབང་སྐྱོང་བཞེས་མཛད་པ་ནས་བཟུང་བོད་ཀྱི་སྲིད་དབང་འཕྲོག་རེས་ཀྱི་ཁྱོད་ཤི་ང་གསོན་གྱི་ནང་དམེ་རེ་ཞིག་མིང་གི་ལྷག་མར་གྱུར་ཏེ་ཆབ་འབངས་རྣམས་བདེ་འཇགས་གསོས་དལ་དང་ཞི་བདེ་བག་ཕེབས་ངང་གནས་པའི་སྐལ་བ་བླ་མེད་བསྐྲུན་ཐོག་ཆོས་སྲིད་གཉིས་ཆ་ནས་འགྲན་ཟླ་བྲལ་བའི་མཛད་འཕྲིན་རླབས་པོ་ཆེ་བཞག་མཐར་སྲིད་འགན་ལོ་ངོ་བདུན་ཙམ་བཞེས་མཚམས་རབ་བྱུང་བཅུ་གསུམ་པའི་མེ་གླང་ལོ་སྟེ་ཕྱི་ལོ་ ༡༧༥༧ ལོའི་ཧོར་ཟླ་གཉིས་པའི་ཚེས་གསུམ་ཉིན་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ལགས་སོ།།