༄༅།། ྋསྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གི་མཛད་པ་རྣམ་ཐར་དང༌། ཁོང་གི་མཛད་རྗེས་སོགས་ཇི་ལྟར་ཡིན་ནམ།
ལན། ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
དབུས་འགྱུར་འཆང་གི་རིགས་ལས་མདོ་སྨད་ཅེས། །
འཇམ་མགོན་བླ་མ་མཚན་དཔེ་བཞད་པའི་འདབས། །
སྟག་འཚེར་ཁབ་ཏུ་དཔལ་ལྡན་ལྷ་མོ་ཡི། །
ལུང་བཞིན་ངོ་མཚར་བལྟམས་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར་ྋརྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་ནི། ཤིང་ཕག་སྤྱི་ལོ་ ༡༩༣༥ ཟླ་ ༦ ཚེས་ ༧ ཉིན་མདོ་སྨད་སྐུ་འབུམ་ཉེ་འཁོར་སྟག་འཚེར་ཞེས་པའི་ཡུལ་དུ་ཡབ་ཆོས་སྐྱོང་ཚེ་རིང་དང༌། ཡུམ་བསོད་ནམས་མཚོ་མོ་ ༼བདེ་སྐྱིད་ཚེ་རིང༌།༽ གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་ཐོག་མའི་མཚན་ལ་ལྷ་མོ་དོན་གྲུབ་ཅེས་གསོལ། ལྷ་མོའི་བླ་མཚོའི་གཟིགས་སྣང་དང༌། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་གཙོས་པའི་བོད་ལྗོངས་ལྷ་བླར་ལུང་བརྟག་ཞུས་འབྲས་ཁག་དང༌། ྋགོང་ས་མཆོག་གི་མཛད་སྤྱོད་དང༌། སྐུའི་ཉེར་ཆས་དང་སྔོན་གྱི་སྐུ་འཁོར་ངོས་འཛིན་མཛད་པ་སོགས་ྋརྒྱལ་མཆོག་གོང་མའི་ཡང་སྲིད་འཁྲུལ་བྲལ་ངེས་བརྙེད་བྱུང་བ་ལྟར་ངོས་འཛིན་ཞུས་ཏེ་རྒྱལ་ས་ལྷ་སར་གདན་དྲངས།
སྤྱི་ལོ་ ༡༩༣༩ ལོའི་བོད་ཟླ་ ༡༠ ཚེས་ ༡༣ ཉིན་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་མཆོག་གིས་དབུ་སྐྲ་གཙུག་ཕུད་བཞེས་ཏེ། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་ཞེས་མཚན་གསོལ་ཅིང༌། ལྕགས་འབྲུག་སྤྱི་ལོ་ ༡༩༤༠ བོད་ཟླ་ ༡ ཚེས་༡༤ ཉིན་ཕོ་བྲང་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ་ཞུས། དགུང་ལོ་དྲུག་ནས་བཅུ་ཕྲག་རིག་གནས་སྤྱི་དང་ལྷག་པར་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་སློབ་གཉེར་གནང་སྟེ་གདན་ས་སེ་འབྲས་དགའ་གསུམ་ལ་གྲྭ་བསྐོར་མཛད་པ་མ་ཟད། དགུང་ལོ་ ༢༥ ཐོག་ལྷ་ལྡན་སྨོན་ལམ་ཆེན་མོར་མཁས་པ་སྟོང་ཕྲག་འཛོམས་པའི་མདུན་སར་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་གནང་མཛད། དེ་བཞིན་སྐུ་ན་གཞོན་དུས་ནས་འཛམ་གླིང་གི་གནས་ཚུལ་སྤྱི་དང༌། བྱེ་བྲག་ཚན་རིག་སོགས་ལ་ཐུགས་སྣང་ཆེན་པོ་མཛད།
ལྕགས་སྟག་སྤྱི་ལོ་ ༡༩༥༠ ལོར་རྒྱ་ནག་གི་རྒྱལ་སྤྱིའི་ཐོག་བོད་རྒྱ་ཁོངས་ཡིན་པའི་གླེང་ཕྱོགས་བཟོ་བ་དང་ཆབས་ཅིག མདོ་ཁམས་ཀྱི་ཡུལ་ཁུལ་ཕལ་ཆེར་བཙན་བཟུང་བྱས་ཏེ། བོད་ལྗོངས་ཡོངས་རྫོགས་རྒྱའི་བཙན་བཟུང་བྱས་ཏེ། བོད་ལྗོངས་ཡོངས་རྫོགས་རྒྱའི་བཙན་དབང་འོག་འཚུད་ལ་ཉེ་བའི་གཉན་འཕྲང་ཅན་གྱི་དུས་སུ་གྱར་སྐབས་བོད་ཟླ་ ༡༡ ཚེས་ ༡༧ ཉིན་བོད་ལྗོངས་ལྷ་མི་ཡོངས་ཀྱིས་གསོལ་འདེབས་ནན་ཞུས་ལྟར་དགུང་གྲངས་ ༡༦ ལས་མ་སོན་ཀྱང་ལུགས་གཉིས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་བཞེས། ས་ཕག་སྤྱི་ལོ་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་གིས་འཇིགས་བསྐུལ་འོག་བཏོན་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་བོད་ཀྱི་སྐུ་ཚབ་ཚོས་མཚན་རྟགས་མི་འགོད་ཐབས་མེད་བྱུང༌།
བོད་ཀྱི་གང་ཅིའི་གནས་སྟངས་ཡར་རྒྱས་གཏོང་ཆེད་ལེགས་བཅོས་ལས་ཁུངས་ཆེད་འཛུགས་མཛད་པ་དང་འབྲེལ་རྒྱ་ནག་གཞུང་དང་གནས་ཚུལ་ཞི་འགྲིགས་ཡོང་རེས་སྐབས་བསྟུན་ཐབས་མཁས་ཀྱི་མཛད་པ་མང་དུ་བསྐྱངས། སྤྱི་ལོ་ ༡༩༥༤ ལོར་རྒྱ་ནག་པེ་ཅིང་དུ་ཆིབས་བསྒྱུར་བསྐྱངས་ཏེ་རྒྱ་ནག་དམར་ཕྱོགས་གཞུང་གི་འགོ་འཁྲིད་མའོ་ཙེ་ཏུང་དང༌། ཀྲུའོ་ཨན་ལེ་སོགས་མཇལ་འཕྲད་གནང་ཞིང༌། དེ་ནི་ྋ་གོང་ས་མཆོག་ཕྱི་རྒྱལ་དུ་ཆིབས་བསྒྱུར་བསྐྱངས་པ་ཐོག་མ་དེ་ཡིན། སྤྱི་ལོ་ ༡༩༥༩ ལོར་རྒྱ་གར་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ནས་གདན་ཞུ་གནང་བ་ལྟར་སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དུས་དྲན་དུ་རྒྱ་གར་ལ་ཆིབས་བསྒྱུར་བསྐྱངས་ཤིང་རྒྱ་ནག་གི་སྲིད་བློན་ཀྲུའོ་ཨན་ལེ་དང༌། རྒྱ་གར་གྱི་སྲིད་བློན་ནེ་རེའུ་ལྷན་དུ་བོད་ནང་རྒྱ་དམར་གྱི་བྱ་སྤྱོད་ངན་པ་རྣམས་མཚམས་འཇོག་ཡོང་བའི་བཀའ་མོལ་གནང༌།
སྤྱི་ལོ་ ༡༩༥༩ ལོར་ཟླ་བ་ ༣ ཚེས་ ༡༠ ཉིན། རྒྱ་དམར་གྱིས་བོད་མིའི་འདོད་བློ་དང་མ་འཚམས་པའི་བཙན་འཛུལ་གྱི་བྱ་ངན་རིམ་པར་བྱས་པ་དང༌། ལྷག་པར་ཕྱི་ཚུལ་དུ་ྋགོང་ས་མཆོག་དམག་ཁུལ་ཁང་དུ་གཟིགས་མོར་གདན་འདྲེན་ཞུ་ཁུལ་བྱས་ཏེ། དོན་དངོས་སུ་སྐུ་ཕྱྭར་གནོད་འཚེ་བརྩམས་འཆར་ཡོད་པའི་གནས་ཚུལ་བོད་འབངས་ཚོས་གསལ་པོར་ཤེས་པས། བོད་རང་དབང་སྒེར་ལངས་ཀྱི་རྔམ་སྟོན་གཞི་རྒྱ་ཆེན་པོ་བྱས་པ་དང་དེར་རྒྱ་ནག་གཞུང་གིས་ཡ་ང་བྲལ་བའི་དྲག་གནོན་མི་ཆོས་ལས་འདས་པ་བྱས་པར་བརྟེན། བོད་ཀྱི་འཕྲལ་ཕུགས་བདེ་དོན་ལ་དགོངས་ནས་ཟླ་བ་ ༣ ཚེས་ ༡༧ དགུང་དྲོ་ལྷ་ས་ནས་རྒྱ་གར་དུ་བོད་གཞུང་དམངས་གང་ཙམ་དང་བཅས་པ་བཙན་བྱོལ་ལ་ཕེབས་ཤིང༌། བཙན་བྱོལ་བོད་གཞུང་གསར་འཛུགས་དང༌། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་ངོས་ལེན་མེད་པའི་གསལ་བསྒྲགས་མཛད་པ་བཅས་སོ།།
ྋརྒྱལ་མཆོག་ཡོངས་ཀྱི་མཛད་བཟང་ཁྱེད་གཅིག་པུས། །
བདག་གིར་བཞེས་ནས་ཐུབ་བསྟན་ཡིན་ནོ་ཅོག །
རིས་མེད་འཛིན་སྐྱོང་སྤེལ་ལ་མཐུ་ཐོབ་པ། །
འཇམ་དཔལ་ངག་གི་དབང་པོར་གསོལ་བ་འདེབས། །
མཁས་པའི་རྣམ་དཔྱོད་རྒྱན་དྲུག་མཆོག་གཉིས་ཟླ། །
བཙུན་པའི་བསླབ་གུས་དགྲ་བཅོམ་ཉེ་བར་འཁོར། །
བཟང་པོའི་འཕྲིན་ལས་བློ་བཟང་རྒྱལ་བ་དངོས། །
བློ་བཟང་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །
སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་འཚེ་མེད་ལམ། །
རྒྱ་ཆེར་སྤེལ་ལས་ཞི་བདེའི་གཟེངས་རྟགས་ཕུལ། །
འཛམ་གླིང་ཀུན་གྱི་བཀུར་ཞིང་དུས་འཁོར་དངོས། །
བསྟན་འཛིན་རྒྱ་མཚོའི་ནོར་བུར་གསོལ་བ་འདེབས། །
༡༽ དྲི་བ། ྋགོང་ས་མཆོག་བཙན་བྱོལ་དུ་བཞུགས་སྐབས་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་པ་ལས་སྙིང་བསྡུས་ཇི་ལྟར་ཡིན་ནམ།
ལན། ྋགོང་ས་མཆོག་བཙན་བྱོལ་དུ་ཕེབས་རྗེས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་མི་འཐུས་ཡོད་པའི་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་ཀྱིས་བོད་ལྗོངས་མང་གཙོའི་གཞུང་དབུ་བརྙེས་པ་དང༌། ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་རིན་པོ་ཆེ་གསོལ་སྩལ་གནང་ཞིང་ཚེས་ ༡༠ ཉིན་བོད་ཀྱི་མང་གཙོའི་རྩ་ཁྲིམས་རིན་པོ་ཆེ་ཐོག་མར་འགྲེམས་སྤེལ་གནང་བ་དང༌། ཕྱི་ལོ་ ༡༩༩༢ ཟླ་ ༢ ཚེས་ ༡༡ ཉིན་ཆེས་མཐོའི་བོད་ཀྱི་ཁྲིམས་ཞིབ་ཁང་གསར་འཛུགས་མཛད་པ་སོགས་བོད་འདི་འཕྲལ་ཕུགས་གང་ཐད་ནས་མང་གཙོའི་ལམ་ལུགས་ཚད་ལྡན་ཞིག་ཏུ་བསྐྱོད་རྒྱུའི་དགོངས་བཞེས་གནང་སྟེ། ད་ཆ་འཛིན་སྐྱོང་བཀའ་ཤག་དང༌། ཁྲིམས་ལུགས་དབང་འཛིན། ཁྲིམས་བཟོ་སྤྱི་འཐུས་བཅས་མང་གཙོའི་ཀ་བ་གསུམ་ལྡན་གྱི་གཞུང་ཆ་ཚང་བ་ཞིག་ཆགས་ཡོད་པ་ནི་མགོན་པོ་གང་ཉིད་ཁོ་ནའི་བཀྲིན་ཡིན།
གཞན་ཡང་མ་འོངས་བོད་ཀྱི་སོན་རྩ་རྣམས་ཕྱི་ནང་གི་ཤེས་ཡོན་གཉིས་ལྡན་ཞིག་ཏུ་གསོ་སྐྱོང་གནང་ཆེད། ཐོག་མར་སྤྱི་ལོ་ ༡༩༦༠ ལོའི་ཟླ་ ༣ ཚེས་ ༣ ཉིན་མ་སུ་རིར་བོད་ཕྲུག ༥༠ ཡོད་པའི་སློབ་གྲྭ་དབུ་འབྱེད་མཛད་པ་ནས་རིམ་བཞིན་རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་ཕྲུག་བརྒྱ་ཆ་བརྒྱ་ལ་ཉེ་བར་གཞི་རིམ་དང༌། འབྲིང་རིམ། མཐོ་རིམ་བཅས་ཀྱི་ཤེས་ཡོན་སྤྲོད་ཐུབ་པའི་སློབ་གྲྭ་གྲངས་བརྒྱ་ལ་ཉེ་བ་གསར་འཛུགས་གནང་ཡོད་པ་དང༌། ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་རིས་མེད་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་ལྟེ་གནས་ཆོས་སྡེ་དང༌། སྨན་རྩིས། ཟློས་གར། ལག་ཤེས་སྒྱུ་རྩལ་སོགས་ཆེད་སྦྱོང་བྱ་ཡུལ་རིག་གཞུང་བསྟི་གནས་ཁང་མང་པོ་ཆེད་འཛུགས་མཛད་པའི་བཀའ་དྲིན་སྟོང་གསུམ་རིན་ཆེན་བདུན་གྱི་བཀང་སྟེ་འབུལ་ཡང་ཆ་ཙམ་གཞལ་དཀའི་གནས་འདི་དག་ཡིན།
དེ་བཞིན་བཙན་བྱོལ་བོད་མིའི་འཕྲལ་སེལ་འཚོ་གོས་ཀྱི་གཞི་རྟེན་བཟང་པོ་ཞིག་ཚུགས་ཆེད་ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༡༢ པར་རྒྱ་གར་ལྷོ་ཕྱོགས་ལུགས་བསམ་གཞིས་གྲོང་དུ་མི་གྲངས་ ༦༦༠ ཐམ་པ་གཞིས་ཆགས་སུ་གཏོང་གནང་མཛད་པ་ནས་བཟུང་ད་ཆ་རྒྱ་བལ་འབྲུག་གསུམ་ཁུལ་དུ་བཟོ་གཞིས་ཁག ༦༠ སྐོར་བར་འཕེལ་རྒྱས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་ཚུགས། ཕྱི་ལོ་ ༡༩༦༧ ལོ་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཆིབས་བསྒྱུར་གནང་སྒོ་ཚུགས་ཏེ་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་མང་པོར་ཞབས་ཀྱི་བཅགས་ཏེ་ཆོས་སྲིད་ཀྱི་མཛད་འཕྲིན་བསམ་བརྗོད་ལས་འདས་པ་བསྐྱངས་ཤིང༌། རྒྱལ་ཁབ་མང་པོའི་སྲིད་བློན་དང༌། ཆོས་ལུགས་ཁག་གི་དབུ་འཁྲིད་སོགས་གནད་ཡོད་མི་སྣ་མང་པོ་དང་མཇལ་འཕྲད་གནང་ཡོད།
བོད་ཀྱི་བདེན་མཐའ་གསལ་ཐབས་སུ་མཉམ་སྦྲེལ་རྒྱལ་ཚོགས་སུ་ཞུ་སྐུལ་གནང་འབྲས་ཕྱི་ལོ་ ༡༩༥༩། ༡༩༦༡། ༡༩༦༥ བཅས་སོ་སོར་རྒྱལ་ཚོགས་ནང་བོད་དོན་སྐོར་གྲོས་ཆོད་འཇོག་ཐུབ་པ་བྱུང་ཞིང༌། དེ་བཞིན་བོད་ཀྱི་གནད་དོན་འདི་ཉིད་རྒྱ་ནག་རང་དང་ཞི་མོལ་གྱིས་ཐག་གཅོད་གནང་རྒྱུའི་དགོངས་པ་བཞེས་ཏེ། ཕྱི་ལོ་ ༡༩༧༩ ལོ་ནས་བོད་ནང་སྐུ་ཚབ་ཚོགས་པ་སྔ་རྗེས་སུ་གཏོང་གནང་མཛད་པ་དང༌། ཕྱི་ལོ་ ༡༩༨༧ ལོའི་ཟླ་ ༩ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་ནང་ཞི་བའི་གྲོས་འཆར་དོན་ཚན་ལྔ་གསལ་བསྒྲགས་མཛད་ཅིང༌། ཕྱི་ལོ་ ༡༩༨༨ ཟླ་ ༦ ཚེས་ ༡༥ ཉིན་སི་ཊས་སི་སྦག་ཏུ་ཡོ་རབ་གྲོས་ཚོགས་ལ་ཞི་བདེའི་གྲོས་འཆར་དོན་ཚན་ཨང་ལྔ་པའི་ཐོག་གང་གི་དགོངས་གཞི་གཙོ་བོ་རྣམས་གསལ་བསྒྲགས་མཛད་པ་སོགས་བོད་རྒྱའི་དབར་ཕན་ཚུན་བསམ་ཤེས་དང༌། ཡིད་ཆེས་ཀྱི་སྒོ་ནས་གཉིས་ཕན་གྱི་གྲོས་མོལ་གནང་རྒྱུའི་སྒོ་མོ་འབྱེད་པར་མཛད།
ལྷག་པར་ནང་པའི་ཆོས་དང་བདག་ཉིད་ཆེན་པོ་གྷན་དྷིའི་བཞེད་དགོངས་བཟང་པོ་གཞི་བཟུང༌། དུས་ནམ་ཡང་འཚེ་མེད་ཞི་བ་ཁོ་ན་ལ་བརྟེན་ཏེ་བོད་དོན་འཐབ་རྩོད་གནང་བཞེད་ཀྱི་རྨད་བྱུང་མཛད་བཟང་ལ་འཛམ་གླིང་གི་སྐྱེ་རྒུ་རྣམས་ཡིད་འཕྲོག་སྟེ་ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པས་མཚོན། འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ནས་ཆེ་བསྟོད་དང༌། གུས་བཀུར་གྱི་གཟེངས་རྟགས་སྙན་གྲགས་ཅན་གྲངས་མེད་འབུལ་བཞེས་བཀྲིན་བསྐྱངས་པ་དང༌། དེ་བཞིན་འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་ཏུ་བསྒྱུར་ཐབས་དང༌། འཛམ་གླིང་གི་ཆོས་ལུགས་རྣམས་ཕན་ཚུན་བརྩི་བཀུར་དང་མཉམ་གནས་ངང་མང་ཚོགས་ལ་ཕན་བདེ་སྒྲུབ་དགོས་པ། ཕྱི་དངོས་པོ་དང་ནང་སེམས་ཀྱི་ཡར་རྒྱས་གཉིས་མཉམ་སྦྲེལ་དགོས་པ་སོགས་ཀྱིས་མཚོན་འཛམ་གླིང་གི་མི་མང་སྤྱིའི་བདེ་རྩར་སྨན་པའི་ཟབ་གསལ་གསུང་གི་བདུད་རྩིའི་བཀའ་སློབ་དང༌། གསུང་ཆོས་བགྲང་ལས་འདས་པ་སྩལ་དང་སྩོལ་མུས་འདི་ལྟར་ལགས་ཤིང༌། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་བ་ཁོ་ན་ད་བར་ ༣༠ གནང་སྟེ་དད་ལྡན་གྱི་སྐྱེ་འགྲོ་ཁྲི་འབུལ་མང་པོའི་རེ་འདོད་སྐོང་བར་མཛད་ཡོད།
ལྗགས་རྩོམ་ལ་མཚོན་ནའང་བགྲང་གི་མི་ཆོད་པ་འགྲོ་བའི་རྨོངས་མུན་སེལ་བའི་ཉི་མ་ལྟ་བུར་མཛད་པས་ྋགོང་ས་མཆོག་ནི་བོད་འབངས་ཙམ་མིན་པར་འཛམ་གླིང་གི་སྐྱེ་རྒུ་ཡོངས་ཀྱི་ཁོག་པའི་སྙིང་དང༌། མགོན་མེད་རྣམས་ཀྱི་མགོན་དང༌། སྐྱབས་མེད་རྣམས་ཀྱི་སྐྱབས། དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་དམ་པ་སྟེ། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བསྟན་སྲིད་རང་དབང་བཅས་པའི་སྲོག་ཤིང་ལགས་པ་ནི་མཛད་རྗེས་རྒྱ་མཚོའི་ནང་གི་ཆུ་ཐིགས་བཞིན་མདོར་བསྡུས་སུ་བཀོད་པ་འདི་ལྟར་ལགས་སོ།།
གང་གི་གདུལ་བྱ་སྐལ་ལྡན་གངས་ཅན་པར། །
སྔོན་མེད་མང་གཙོའི་བདག་དབང་དགྱེས་བཞིན་སྩལ། །
བྱམས་བརྩེའི་ཐུགས་ཀྱིས་སྲིད་གསུམ་དབང་བསྒྱུར་མགོན། །
མཚུངས་པ་མེད་པའི་སྡེ་ལ་གསོལ་བ་འདེབས། །
མགོན་ཁྱོད་གསང་གསུམ་རྟག་བརྟན་རྡོ་རྗེའི་ཁྲིར། །
ཉམ་ཐག་སྙིགས་འགྲོའི་མགོན་དུ་འཚོ་བཞེས་ཏེ།།
ཟབ་རྒྱས་ཆོས་འཁོར་རྒྱུན་མི་ཆད་པ་ཡིས། །
འགྲོ་ཀུན་གཏན་བདེའི་ས་ལ་དབུགས་འབྱུང་གསོལ། །
༢༽ དྲི་བ། བོད་གཞུང་དགའ་ལྡན་ཕོ་བྲང་པའི་རྒྱལ་ཚབ་དང་སྲིད་སྐྱོང་རིམ་པ་ཇི་ལྟར་ཡིན་དང༌། དེ་དག་གི་མཛད་རྗེས་ཇི་ལྟར་ཡིན་ནམ།
ལན། སྤྱི་ལོ་ ༡༦༤༢ ལོར་གུ་ཤྲི་ཧན་གྱིས་བོད་ཆོལ་ཁ་གསུམ་གྱི་སྲིད་དབང་དང་བཅས་པ་ྋགོང་ས་ལྔ་པ་ཆེན་པོར་ཕུལ་བ་ནས་བཟུང་དགའ་ལྡན་ཕོ་བྲང་པའི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་དབུ་བརྙེས། དེ་ཡང་དགའ་ལྡན་ཕོ་བྲང་ཞེས་པའི་མིང་གི་འབྱུང་སྟངས་ནི་སྔར་སྡེ་སྲིད་ཕག་གྲུ་འབྲས་སྤུངས་སུ་ཕེབས་སྐབས་ཀྱི་བཞུགས་ཡུལ་རྡོ་ཁང་སྔོན་པོ་ཞེས་པ་དེ་སྣེ་གདོང་གོང་མ་ངག་དབང་བཀྲིས་གྲགས་པ་རྒྱལ་མཚན་གྱིས་ྋརྒྱལ་དབང་དགེ་འདུན་རྒྱ་མཚོར་ཕུལ་ཞིང༌། ྋརྒྱལ་དབང་མཆཽག་གིས་སྐལ་བ་དང་ལྡན་པ་རྣམས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་འདྲེན་པའི་རྟེན་འབྲེལ་གྱི་སླད་དུ་དགའ་ལྡན་ཕོ་བྲང་ཞེས་འདོགས་པ་གནང༌། དེ་རྗེས་ྋརྒྱལ་དབང་ལྔ་པ་བར་གྱི་བཞུགས་གནས་ཡིན་པས་སྲིད་གཞུང་གི་མིང་ལའང་དགའ་ལྡན་ཕོ་བྲང་ཞེས་བཏགས་པ་དང༌། ཕྱག་མཛོད་བསོད་ནམས་ཆོས་འཕེལ་ལ་ལུང་བསྒྱུར་ཐམ་ཀ་བཅས་སྡེ་སྲིད་བསྐོ་བཞག་བསྩལ། སྡེ་སྲིད་ནས་ཕྱི་ལོ་ ༡༦༤༣ ལོར་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་གྱི་རྒྱབ་གནོན་རྩ་འཛིན་ཤེ་བམ་ཆེ་མོ་ཞེས་གཏན་འབེབས་ཁྱབ་བསྒྲགས་གནང་ཞིང༌། སྲིད་ལོ་བཅུ་བདུན་བསྐྱངས་ཏེ་སྐུ་གཤེགས།
དེ་རྗེས་ྋརྒྱལ་དབང་ལྔ་པ་ཆེན་པོ་མཆོག་ནས་སྲིད་དབང་ལོ་གཉིས་བཞེས་རྗེས་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་དང༌། མཆོད་དཔོན་བློ་བཟང་མཐུ་སྟོབས། རྣམ་གྲྭ་བློ་བཟང་སྦྱིན་པ་བཅས་སོ་སོར་སྡེ་སྲིད་བསྐོ་གཞག་བསྩལ་བས་ཁྲི་ལོ་སུམ་ཅུ་སོ་དྲུག་བསྐྱངས། ས་ལུག་སྤྱི་ལོ་ ༡༦༧༩ ལོར་གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་སྡེ་སྲིད་བསྐོ་གཞག་བསྩལ་ཏེ་ལོ་ཉེར་དྲུག་རིང་སྲིད་བསྐྱངས། སྡེ་སྲིད་གོང་མ་གཞན་དང་མི་འདྲ་བར་སྡེ་སྲིད་འདིར་གཟེངས་བསྟོད་བླ་ལྷག་ཏུ་མཛད། ལྕགས་བྱ་ ༡༦༨༡ ལོར་ྋརྒྱལ་དབང་ལྔ་པ་ཆེན་པོས་དགའ་ལྡན་ཚེ་དབང་དཔུང་བཅས་མངགས་ཏེ། ལ་དྭགས་རྒྱལ་པོ་སེངྒེ་རྣམ་རྒྱལ་ལྟོས་བཅས་ཆམ་ལ་ཕབ་སྟེ་སྟོད་མངའ་རིས་སྐོར་གསུམ་དབང་དུ་བསྡུས། མངའ་རིས་དང་ལྷོ་མོན་སོགས་མཚམས་ཁག་ལ་སྲིད་འཛིན་སྒྲིག་གཞི་བཙུགས། དར་རྩེ་མདོ་སོགས་འབྲི་ཆུ་ཤར་བརྒྱུད་ཀྱི་ས་གནས་ཁག་ལ་ས་མི་ཞིབ་གཅོད་དང་སྒོ་ཁྲ་ཐེམ་གཞུང་གསར་དུ་བཀོད། དེ་རྗེས་རྫོང་གཞིས་ཁག་གི་ས་མིང་དང༌། ཐོན་ཁུངས། ཁྲལ་འབབ་བཅས་གཏན་འབེབས་ཀྱིས་འབབ་དེབ་སྦུག་དམ་འབྱར་མ་ཁག་ང་དྲུག་བཟོས། གཞན་ཡང་རིས་མེད་དགོན་སྡེ་ཁག་གི་ཆོས་ཁྲིམས་བཅའ་ཡིག་དང༌། ས་ཁང་མི་གསུམ་གྱི་བདག་ཐོབ་གཏན་ཚིག དགོན་ཁག་གི་གྲྭ་ཁྲལ་བསྡུ་ལམ། གཞུང་ནས་འབྲུ་ཕོགས་དང༌། རྒྱུན་ཇ་གཏོང་རྒྱུའི་ལམ་སྲོལ་གཏན་འབེབས་མཛད།
སྡེ་སྲིད་སངས་རྒྱས་རྒྱ་མཚོས་ས་སྐྱའི་ལས་ཚན་བཅུ་གསུམ་ནས་མཆོད་དཔོན་སོགས་ཁག་གསུམ་ཕུད་གསར་དུ་ལས་ཚན་རྣམ་གྲངས་ཁ་སྣོན་མཛད་པའི་དང་པོ་སྲིད་སྐྱོང་གི་བྱེད་སྒོ་དང༌། དེ་ནས་བཀའ་བློན། དམག་དཔོན། ཞལ་ལྕེ་གཅོད་པ། བཟོ་རིགས་དོ་དམ། གཉེར་པའི་རིགས་ཆེ་ཕྲ། སྡོམ་གཅོད་པ། མི་དཔོན། ཕྱོགས་མཐའི་རྫོང་གཞིས། གྲྭ་ཚང་ཁག་གི་གཉེར་པ། ཚོང་དཔོན། རྡ་རོ་ཁའི་འགོ་པ། དཀོན་གཉེར། གསེར་ཡིག་པ༑ བཀར་རྒྱ་ཡོང་སྡུད་ལ་སོགས་པ་ཕྱི་ནང་ལས་ཚན་གྱི་སྤང་བླང་བྱེད་སྒོའི་རིམ་པ་དྭངས་ཤེལ་ཉེར་གཅིག་ཞེས་པ་དང༌། འབྲས་ལྗོངས་བསྟན་སྲུང་རྣམ་རྒྱལ་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོར་ཁྲིམས་ལུགས་སྐོར་དོགས་སེལ་ཞུས་པའི་དྲི་བ་དྲིས་ལན། ཁྲིམས་གཅོད་ལས་ཁུངས་ཁག་ནས་ཁྲིམས་ཡིག་ནང་གསལ་ཉེས་འབབ་འཇལ་སྤྲད་བདེ་ཆེད་སྟོང་སྲང་འབྲུར་བཀུག་ཞོ་འབེབས་ཀྱིས་འཇལ་དགོས་པའི་གཏན་འབེབས་བཅས་མཛད།
ཆུ་ཁྱི་སྤྱི་ལོ་ ༡༦༨༢ ལོར་ྋརྒྱལ་དབང་ལྔ་པ་ཆེན་པོ་དགོངས་པ་རྫོགས་རྗེས་ལོ་བཅོ་ལྔ་གསང་རྒྱ་མཛད་རིང་གསེར་སྡོང་འཛམ་གླིང་རྒྱན་གཅིག་རྟེན་དང་བརྟེན་པ་ལེགས་གྲུབ་ཐོག རྩེ་ཕོ་བྲང་དམར་པོ་ལེ་ལག་དང་བཅས་པ་གསར་བསྐྲུན། ྋརྒྱལ་དབང་ལྔ་པའི་དགོངས་རྫོགས་ཚོགས་མཆོད་ཆེན་མོ་དང་རྗེས་འབྲེལ་མཆོད་སྤྲིན་སེར་སྦྲེང་གི་སྲོལ་བཙུགས།
མེ་གླང་སྤྱི་ལོ་ ༡༦༩༧ ལོར་ྋརྒྱལ་བ་ཚངས་དབྱངས་རྒྱ་མཚོ་གསེར་ཁྲི་མངའ་གསོལ་སྐབས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང༌། གུ་ཤྲཱིའི་སྲས་བརྒྱུད་ལྷ་བཟང་ཁང་འགལ་ཟླར་གྱུར་ཏེ་ལྷ་བཟང་ཁང་ནས་སྲིད་དབང་ལོ་ ༡༣ བཟུང༌། ྋརྒྱལ་བ་བསྐལ་བཟང་རྒྱ་མཚོ་སྐུ་འབུམ་ནས་གདན་དྲངས་ཏེ་གསེར་ཁྲི་མངའ་གསོལ་ཞུས། སྐབས་དེར་བོད་ལྗོངས་ཚོགས་འདུས་སྲིད་དབང་ལོ་གཅིག་བཟུང་རྗེས་དའི་ཆིང་སྦ་དུར་གྱིས་གཙོ་བོ་བྱས་པའི་ང་ལུམ་སྦྱར་གསུམ་དང༌། ཕོ་ལྷ་བ་བཅས་ནས་བཀའ་བློན་གྱི་འགན་འཁུར་སྲིད་དབང་བཟུང་རྗེས། མེ་ལུག་སྤྱི་ལོ་ ༡༧༢༧ ལོར་བཀའ་བློན་རྣམས་དབུས་གཙང་ཕྱོགས་འཐེན་ནང་འཁྲུགས་བྱུང་རྗེས་ཕོ་ལྷ་བས་སྲིད་ལོ་ ༢༠ རིང་བསྐྱངས་ཏེ་འདས། ཕོ་ལྷ་བའི་བུ་འགྱུར་མེད་རྣམ་རྒྱལ་ལ་ཕ་ཤུལ་བུ་འཛིན་གྱིས་སྲིད་ལོ་ ༤ བཟུང་རིང་བོད་བཞུགས་ཨམ་བན་དང་རྒྱ་དམག་ཕྱིར་ཕུད་སོགས་ཕྱི་ནང་ཟིང་འཁྲུག་གིས་རྐྱེན་དབང་ལས་འགྱུར་མེད་རྣམ་རྒྱལ་ཨམ་བན་གྱི་བཀྲོངས།
ལྕགས་ལུག་སྤྱི་ལོ ༡༧༥༡ ལོར་ྋརྒྱལ་དབང་བསྐལ་བཟང་རྒྱ་མཚོ་མཆོག་ནས་ལུགས་གཉིས་ཀྱི་ཐུགས་འགན་ཡོངས་སུ་བཞེས། བཀའ་བློན་རྡོ་རིང་པཎྜི་ཏ་མགོན་པོ་དངོས་གྲུབ་དང༌། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། ཐོན་པ་སྲིད་གཅོད་ཚེ་བརྟན། སེར་མོ་བ་རྩེ་མགྲོན་ཉི་མ་རྒྱལ་མཚན་བཅས་བསྐོ་བཞག་ཐོག་བཀའ་ཤག་ཚུགས་ཡུལ་གཏན་འཁེལ་དང༌། ྋརྒྱལ་དབང་མཆོག་ནས་ཐུགས་སྨོན་དང་བཅས་ལུང་བསྒྱུར་ཐམ་ག་བདེ་སྐྱིད་མ༑ སེལ་ཐམ། རྟགས་ཐམ་བཅས་བསྩལ་ཐོག ཕྱི་ནང་བསྟན་སྲིད་ཡོངས་ལ་དབང་བསྒྱུར་ཆོག་པའི་ལུང་ལག་གི་གཟེངས་བསྟོད་མཛད། སྤྱི་ལོ་ ༡༧༥༧ བར་ྋརྒྱལ་དབང་མཆོག་ནས་ལོ་བརྒྱད་རིང་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་སྐུ་གཤེགས།
འདི་ནས་བཟུང་ྋརྒྱལ་དབང་ལྔ་པ་དང་བདུན་པ་གཉིས་ཀྱི་མཛད་ལམ་ལྟར་སྐུ་ཕྲེང་ན་རིམ་དང༌། སྲིད་སྐྱོང་རིམ་པས་ལུགས་གཉིས་ཆབ་སྲིད་བསྐྱང་སྲོལ་ལྟར། དེ་རྗེས་སྲིད་སྐྱོང་གི་ཐོག་མ་དེ་མོ་འཇམ་དཔལ་བདེ་ལེགས་རྒྱ་མཚོས་ལོ་ཉི་ཤུ་རྩ་གཅིག ཚེ་གླིང་ངག་དབང་ཚུལ་ཁྲིམས་ཀྱིས་ལོ་བཅུ། རྒྱལ་བ་འཇམ་དཔལ་རྒྱ་མཚོས་ལོ་བཅོ་བརྒྱད། ཀུན་གླིང་རྟ་ཚག་བསྟན་པའི་མགོན་པོས་ལོ་བདུན། དེ་མོ་འཇིགས་མེད་རྒྱ་མཚོས་ལོ་དགུ། ཚེ་སྨོན་གླིང་འཇམ་དཔལ་ཚུལ་ཁྲིམས་ཀྱིས་ལོ་ཉེར་དྲུག པཎ་ཆེན་བསྟན་པའི་ཉི་མས་ཟླ་བ་དགུ། རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་ཀྱིས་ལོ་གཅིག ྋརྒྱལ་དབང་བཅུ་གཅིག་པས་ཟླ་ཤས་རིང་ཐུགས་འགན་བཞེས་ཏེ་སྐུ་གཤེགས་རྗེས་སླར་ཡང་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་ཀྱིས་ལོ་བདུན། སྡེ་སྲིད་བཤད་སྒྲ་དབང་ཕྱུག་རྒྱལ་པོས་ལོ་གསུམ། རྟག་ཚག་ངག་དབང་དཔལ་ལྡན་གྱིས་ལོ་བཅུ་གཉིས། དེ་མོ་འཕྲིན་ལས་རབ་རྒྱས་ཀྱིས་ལོ་དགུ། དེ་ནས་ྋརྒྱལ་བ་བཅུ་གསུམ་པ་ཆེན་པོས་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་བཅུ་སོང་མཚམས་དབྱིན་ཇི་བཙན་འཛུལ་བའི་དམག་དཔུང་ལྷགས་འབྱོར་ལ་བརྟེན་རྒྱ་སོག་གི་ཡུལ་དུ་ཉེན་ཡོལ་དུ་ཆིབས་བསྒྱུར་གནང་རིང་ལ་མོ་ཤར་བློ་བཟང་རྒྱལ་མཚན་གྱིས་ལོ་གསུམ། ལ་ཤར་དང༌། སྲིད་བློན་བཤད་ཆང་ཞོལ་གསུམ་མཉམ་སྦྲེལ་གྱིས་ལོ་གསུམ། ས་བྱ་སྤྱི་ལོ་ ༡༩༠༩ ལོར་ྋརྒྱལ་དབང་བཅུ་གསུམ་པ་བོད་དུ་ཞབས་སོར་འཁོར་ཅིང༌། ལྕགས་ཁྱི་ ༡༩༡༠ ལོར་རྒྱ་དམག་བོད་འབྱོར་གྱིས་རྐྱེན་པས་ྋརྒྱལ་དབང་མཆོག་རྒྱ་གར་དུ་ཉེན་ཡོལ་ཆིབས་བསྒྱུར་གནང་རིང་དགའ་ལྡན་ཁྲི་པ་ཚེ་སྨོན་གླིང་བློ་བཟང་བསྟན་པའི་རྒྱལ་མཚན་ནས་ལོ་གཉིས། ཆུ་བྱི་ ༡༩༡༢ ལོར་ྋརྒྱལ་དབང་མཆོག་བོད་དུ་ཞབས་སོར་འཁོད་རྗེས་སླར་ཡང་ལོ་ཉེར་གཉིས་རིང་མཛད་འགན་བཞེས། རྭ་སྒྲེང་འཇམ་དཔལ་ཡེ་ཤེས་དང༌། སྲིད་བློན་གླང་མདུན་མཉམ་སྦྲེལ་གྱིས་ལོ་དྲུག རྭ་སྒྲེང་སྐུ་རྐྱང་གིས་ལོ་གཉིས། སྟག་བྲག་ངག་དབང་གསུང་རབ་ཀྱིས་ལོ་བཅུ། དེ་རྗེས་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་གཞིས་སུ་ལུགས་གཉིས་ཐུགས་འགན་ལོ་བཅུ་བསྐྱངས་ཤིང༌། དེའི་སྲིད་ཚབ་བློ་བཟང་བཀྲ་ཤིས་དང༌། བདེ་མཁར་བ་ཚེ་དབང་རབ་བརྟན་གཉིས་བསྐོ་བཞག་མཛད། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་བཟུང་བྱས་རྗེས་བོད་བཙན་བྱོལ་བོད་གཞུང་དབུ་བརྙེས་ཤིང༌། ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་མཛད་བཞིན་པ་བཅས་སོ།། །།
ཕུན་ཚོགས་དགའ་བ་བརྒྱ་ཕྲག་དཔལ་གྱིས་ཕྱུག །
ཕུན་ཚོགས་སྡེ་བཞིའི་དཔལ་ལྡན་ཕོ་བྲང༌ཆེའི། །
ཕུན་ཚོགས་ཆབ་སྲིད་དབྱར་མཚོའི་རྗེས་འགྲོ་ཞིང༌། །
ཕུན་ཚོགས་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །