༄༅།། དུས་འཁོར།
ཡོངས་གྲགས་གནས་བརྟན་སྡེ་བའི་ལུགས་ལྟར་བྱས་ན་མི་ལོ་ ༢༦༠༦ ཡར་སྔོན་གྱི་དེ་རིང་ནག་པ་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉིན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཤམྦྷ་ལ་ནས་ཕེབས་པའི་ཆོས་རྒྱལ་ཟླ་བ་བཟང་པོས་གཙོས་སྐལ་ལྡན་གདུལ་བྱ་རྣམས་ལ་དཔལ་ལྡན་འབྲས་སྤུངས་སུ་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་དབང་དང་བཅས་པ་གནང་སྟེ་རིམ་བཞིན་དུས་འཁོར་གྱི་བསྟན་པ་འདི་རྒྱ་བོད་ཡུལ་གྲུ་དུ་མར་ས་དར་རྡོ་དར་དུ་གྱུར་ཡོད།
དེ་ལྟ་བུའི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན་ཏེ་མི་ལོ་ ༢༦༤ ཡར་སྔོན་གྱི་དེ་རིང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དུ་དཔལ་དུས་ཀྱི་འཁོར་ལོ་བསྟན་པ་གསར་འཛུགས་གནང་ཞིང་། དུས་དེ་ནས་བཟུང་ལོ་ལྟར་རེ་བཞིན་ནག་པ་ཟླ་བའི་ཚེས་བཅོ་ལྔ་ནས་ཉིན་གྲངས་བདུན་གྱི་རིང་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཆེན་མོ་འདི་ཚོགས་དང་འཚོགས་བཞིན་པ་ཡིན། །
མི་འགྱུར་བདེ་བའི་ཡེ་ཤེས་ཀྱིས། །
འཕོ་བའི་བག་ཆགས་དྲུང་ནས་ཕྱུང་། །
དེ་ཚེ་ཟུང་འཇུག་དུས་འཁོར་ལོའི། །
གོ་འཕང་ཐོབ་པ་འདི་ཡི་ལུགས། །
Go to the Kalachakra section for more information.